
གསུང་རབ་སྒོ་མཛོད་རིན་པོ་ཆེའི་བོན་སྡེའི་
ཐོག་མའི་རྟོགས་བརྗོད་ཉུང་ངུ་ཞིག
ཡུལ་མཆོག་དམ་པ་རྣམས་ལ་སྐྱབས་སུ་མཆི།།
རྣམ་འདྲེན་རྫོགས་པའི་སངས་རྒྱས་ཀྱིས།།
བཀའ་ཡི་འཁོར་ལོའི་རིམ་པ་རྣམས།།
གདུལ་བྱའི་བློ་ཁམས་ལ་བསྟུན་ཏེ།།
ཐེག་པ་དགུ་དང་སྒོ་མཛོད་སོགས།།
རི་མོར་བྲིས་ཏེ་གླེགས་བམ་བསྡམས།།
རྐོང་རྩེ་ལས་སོགས་ལེའུ་ཡེས།།
བསོད་ཚོགས་རྒྱ་མཚོའི་ཡུལ་དུ་བསྐུལ།།
དེ་བཞིན་དད་འབྱོར་སྐལ་ལྡན་ཚོས།།
རྣམ་དཀར་ལས་ཀྱི་འཁོར་ལོ་ཡིས།།
སྣང་ཡུལ་པོ་ཏིས་ཁེངས་སྙམས་བསྐྲུན།།
ཡུལ་དུས་འགྲོ་བ་དང་བསྟུན་ཏེ།།
པོ་ཏིའི་དབྱིབས་ནི་དེབ་ལ་བསྒྱུར།།
ནར་སོན་ཚོགས་རྣམས་དགྱེས་མིན་ཡང་།།
ལུང་མཐུན་ལགས་པས་ད་ལྟ་འདིར།།
མཁའ་འབྱུང་ཟླ་བའི་དེབ་ཏུ་པར།།
འདིའི་ནང་ལེའུའི་ཚོགས་འགའ་ཞིག།
གསུང་རབ་ཚིག་དང་འགལ་འཁྲུལ་མིན།།
བསྟན་རྒྱུན་བསྲུང་བའི་ཕྱིར་ལགས་སོ།།
ཇི་ལྟར་བགྱིས་པའི་རྣམ་དཀར་ཚོགས།།
མ་རྣམས་སྲིད་ལས་ཐར་ཕྱིར་བསྔོ།།
ཕན་དང་བདེ་བ་འབྱུང་བའི་གཞི།།
རྒྱལ་བསྟན་ཡུན་རིང་གནས་གྱུར་ཅིག།
༢༠༡༥ ༥ ༡༥ ཉིན་བསྟན་རྣམ་བགྲེས་པོས་བྲིས།